གླང་དར་མ། (འུ་དུམ་བཙན་པོ་ཡང་།)
༧༥༽ དེ་བས་ལ་ལས་བདུད་རྒྱལ་ཞེས་དང༌། ལ་ལས་རྒྱལ་པོ་གླང་དར་ཞེས་དང༌། ཡང་ལ་ལས་གླང་དར་མགོ་ན་རྭ་ཅོ་ཡོད་ཚུལ་སོགས་ཀྱི་གཏམ་འཆལ་ཞིག་ཀྱང་རིམ་པས་ངག་རྒྱུན་གྱི་གཏམ་རྒྱུད་ཅིག་ཏུ་གྱུར་ཏོ།།
སླར་སྨྲས་པ།
སྡིག་བློན་དག་གི་གཡོ་སྒྱུའི་ལྐོག་མདའ་དེ། །
མ་མཐོང་རྒྱལ་སྲས་དར་མ་གླང་བདུད་ཅེས། །
ཆོས་རྒྱལ་ཡབ་མེས་རིགས་ལ་དམོད་པ་འདི། །
མ་རྟོགས་ལོག་རྟོག་གཏམ་རྒྱུད་ནག་པོ་ཞིག །
ཆོས་སྲིད་རྐྱ་འཛིང་ཐེབས་པའི་མདུད་ནག་བརྒྱ། །
སླ་མོར་དགྲོལ་བའི་མཁྱེན་མཐུ་དམན་ན་ཡང༌། །
ལོ་རྒྱུས་དངོས་གཙོ་སྨྲ་བའི་ཚད་ཐིག་གིས། །
རྒྱལ་རབས་བརྙན་དེབ་མེ་ལོང་འདི་བྱས་སོ། །